རྒྱལ་ཡོངས་ཀྱི་སྨན་རྩིས་ཆེད་མཁས་བ་གྲགས་ཅན་སློབ་དཔོན་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་ཚང་གི་
རྒྱུད་འཛིན་ལས་སྒྲུབ་ཁང་གི་ངོ་སྤྲོད་མདོར་བསྡུས།
རྒྱལ་ཡོངས་ཀྱི་སྨན་རྩིས་ཆེད་མཁས་བ་གྲགས་ཅན་སློབ་དཔོན་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་ཚང་གི་རྒྱུད་འཛིན་ལས་སྒྲུབ་ཁང་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་2011ལོར་གཏན་འཁེལ་བྱས་པའི་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་པ་དང་།ལས་སྒྲུབ་ཁང་ནི་ཀན་ལྷོ་ཁུལ་བོད་ལུགས་སྨན་ཁང་དུ་འཛུགས་སྐྲུན་བྱས་ཡོད་པས། དགེ་རྒན་ཚང་གི་ནད་བརྟག་ཁང་། ནད་ཐོག་ཉམས་མྱོང་དཔེ་སྟོན་ཁང་། སྨན་བཅོས་ཁང་དང་། དཔྱད་གཞིའི་རིག་མཛོད་ཁང་།སློབ་ཁང་བཅས་བཙུགས་ཡོད།རྒྱུད་འཛིན་ལས་སྒྲུབ་ཁང་གི་མི་སྣ་གཙོ་པོ་ནི་སློབ་དཔོན་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་།ལས་སྒྲུབ་ཁང་གི་འགན་འཁུར་བ་སྐལ་བཟང་འཇིགས་མེད་དང་། བསྟན་འཛིན། བསོད་ནམས་ཚེ་དབང་དང་ལྷ་མོ་དོན་འགྲུབ་བཅས་མི་བཞིའི་གྲུབ།ལོ་གསུམ་ལ་འཛུགས་སྐྲུན་གྱི་དུས་ཡིན། ལས་འགན་གཙོ་བོ་ནི་རྒྱུད་འཛིན་དང་སློབ་ཁྲིད་ཀྱི་རྣམ་པའི་ཐོག་ནས་ཁུལ་སྨན་རྩིས་གླིང་ལ་རྐང་འཛིན་མི་སྣ་གསོ་སྐྱོང་དང་། རྫོང་སྨན་རྩིས་ཁང་དང་ཞང་གྲོང་འཕྲོད་བསྟེན་ཁང་གི་སྨན་རྩིས་རྐང་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེའོ།།
སློབ་དཔོན་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ་ཚང་གི་རིག་གཞུང་བསམ་བློ་དཔེར་ན་ཕོ་བའི་ནད་ལ་ཉེས་གསུམ་དང་ཕོ་བའི་མེ་དྲོད་གསོ་རྒྱུ་དང་། འབྲས་དང་སྐྲན་ནད་གསོ་བཅོས་བྱེད་སྐབས་མཚེར་ནུས་གསོ་བ་དང་།གློ་ནད་དང་མཁལ་ནད་ལ་རླུང་བཅོས་བ། སྙིང་ཀླད་ཁྲག་རྩའི་ནད་བཅས་ལ་ཁྲག་རླུང་བཅོས་དགོས་པ། དེ་བཞིན་མོ་ནད་ཁག་ལ་ཐོག་མར་ཟླ་མཚན་བཅོས་བ།བྱིས་པའི་དབུགས་ལམ་གཉན་ཚད་བཅོས་རྗེས་བད་ཀན་བཅོས་དགོས་པ་སོགས་ཀྱི་ནད་ཐོག་སྨན་བཅོས་བྱ་ཐབས་དང་།སྨན་སྦྱོར་སོགས་ལེགས་སྒྲིག་དང་།ཞིབ་འཇུག་ཅི་ནུས་བྱེད་དེ་སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན་ཁུལ་རིམ་པའི་ལས་གཞི་རྣམས་གྲངས་དུ་མ་བསྒྲུབ་ཡོད་པ་མ་ཟད།བརྩམས་ཆོས་ནི། ༼རྒྱུད་བཞིའི་མཐའ་དཔྱོད༽ ་དང ༼ནད་རིགས་བརྟག་བཅོས་མན་ངག་དགོས་བ་ཀུན་འབྱུང་༽ ༼གསོ་རིག་མཁས་དབང་ཚུལ་ཁྲིམས་རྒྱ་མཚོའི་རྒྱུན་སྤྱོད་སྨན་སྦྱོར་དྭངས་གསལ་བདུད་རྩིའི་ཐིགས་ཕྲེང་༽ སོགས་མཛད་ཡོད་དོ།།