
སྤྱི་ཟླ་༡པའི་ཚེས༥ཉིན་གྱི་དགོང་མོར། ༢༠༢༣ལོའི་ཀླུ་ཆུའི་དཔེ་བཟང་མི་སྣའི་གཟེངས་བསྟོད་མཛད་སྒོ་དེ་ཀླུ་ཆུ་རྫོང་མི་དམངས་ཚོམས་ཁང་ནས་གཟབ་རྒྱས་ངང་སྤེལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་དྲུང་ཡིག་གཞོན་པ། ཀླུ་ཆུ་རྫོང་ཤིས་ཚང་སྒར་གསར་དགོན་བོད་ལུགས་སྨན་ཁང་གི་སྨན་པ་བཀྲ་ཤིས་རྒྱ་མཚོ་མཆོག་ལ་ཀླུ་ཆུའི་དཔེ་བཟང་མི་སྣའི་བྱ་དགའ་ཐོབ། 
ཐེངས་འདིའི་ཆེས་མཛེས་པའི་ཀླུ་ཆུ་བའི་དཔེ་མཚོན་མི་སྣའི་གཟེངས་བསྟོད་མཛད་སྒོ་ཀྲུང་གུང་ཀླུ་ཆུ་རྫོང་ཨུ་དང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཀླུ་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་ཀླུ་ཆུ་རྫོང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་བའི་གཞུང་སྒྲུབ་ཁང་གིས་འགན་ཁུར་ཏེ། དུས་ཡུན་ལོ་གཅིག་གི་རིང་ལ་འོས་སྦྱོར་མིང་འདོན་དང་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་དཔྱད་འདེམས། སྒྲིག་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་སོགས་ཀྱི་གོ་རིམ་བརྒྱུད་དེ་རྫོང་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཐོན་པའི་མི་༡༢་ལ་ཀླུ་ཆུའི་དཔེ་བཟང་མི་སྣའི་ཁྱད་འཕགས་བྱ་དགའ་གནངས་བ་དང། མི་༨ལ་ཀླུ་ཆུའི་དཔེ་བཟང་མི་སྣའི་བྱ་དགའ་གནང་།


སྨན་པ་བཀྲ་ཤིས་རྒྱ་མཚོ་ནི་སྤྱི་ལོ་༡༩༨༠ལོར་ཀན་ལྷོའི་ཀླུ་ཆུའི་ཁྱབ་ཕྱུག་སྡེ་བར་སྐྱེས་ཤིང་། དགུང་ལོར་བཅུ་བཞིའི་སྟེང་ནས་ཀླུ་ཆུའི་ཤིས་ཚང་སྒར་གསར་དགོན་པ་ནས་རབ་ཏུ་བྱུང་། ༢༠༠༣ལོ་ནས་བཟུང་ཁུ་བོ་དགེ་སློང་དཀོན་མཆོག་རྒྱ་མཚོ་དང་། སི་ཁྲོན་མཛོད་དགེ་རྫོང་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བསྟན་འཛིན་དོན་གྲུབ་མཆོག་སོགས་ཀྱི་མདུན་ནས་གསོ་རིག་ལ་ཐོག་མའི་བག་ཆགས་བཞག ༢༠༠༨ལོ་ནས་༢༠༡༠ལོའི་བར་བོད་ལྗོངས་སྨན་རྩིས་ཁང་ནས་རྒྱལ་སྨན་ཆེན་མོ་རྒན་བྱམས་པ་འཕྲིན་ལས་མཆོག་གི་མདུན་ནས་གསོ་རིག་ནད་ཐོག་ལག་ལེན་ལ་སྦྱངས་པ་དཔྱིས་ཕྱིན་མཛད། ༢༠༡༢ལོ་ནས་བཟུང་ད་ལྟའི་བར་དུ་ཀླུ་ཆུའི་ཤིས་ཚང་སྒར་གསར་དགོན་བོད་ལུགས་སྨན་ཁང་དུ་གཞན་ཕན་སྨན་བཅོས་ཀྱི་ལས་ཀ་བྱེད་བཞིན་མཆིས།
来源:甘南藏族自治州藏医药学会
总主编:道吉仁青
编辑:贡保东知